འཆར་སྣང་།

རང་བཞིན་དང་མཐུན་པའི་སྒོ་ལས་ མི་སྡེའི་དཔལ་འབྱོར་སྒྲིང་སྒྲི་བཟོ་ནི།

དམིགས་སྐྱེད།

ཀ༽ འཇོན་དྲགས་དང་དོན་སྨིན་ཅན་གྱི་སྒོ་ལས་ ཞབས་ཏོག་སྤྲོད་ནི།

ངོ་སྤྲོད།

རང་བཞིན་དང་མཐུན་པའི་སྒོ་ལས་ མི་སྡེའི་དཔལ་འབྱོར་སྒྲིང་སྒྲི་བཟོ་ནི་ཟེར་བའི་ ཀྲོང་གསར་རྫོང་ཁག་གི་འཆར་སྣང་དང་འཁྲིལ་ཏེ་ རྫོང་ཁག་བདག་སྐྱོང་གིས་ འཆར་སྣང་འདི་དུས་ཡུན་ཐུང་ཀུ་ཅིག་ནང་འཁོད་བསྒྲུབ་ཐབས་ལུ་ འབད་བརྩོན་གྱི་སྒོ་ལས་ལཱ་འབད་ཐབས་ལུ་ ལམ་ཚན་ཁག་གི་ འབྲེལ་ཡོད་འཐུས་མི་ཚུ་ལུ་ རྒྱབ་སྐྱོར་དང་ཞབས་ཏོག་ཚུ་བྱིན་ནི། ཡོངས་འབྲེལ་འཆར་སྒོ་འདི་ ང་བཅས་རའི་རྫོང་ཁག་གི་ལས་བྱེདཔ་ཚུ་གི་དོན་ལུ་ བཟོ་ཚུགསཔ་ལས་ བསམ་པ་རྫོགས་ཏེ་ཡོད།

མ་གཞི་འཆར་སྒོ་ནང་ལུ་བཀོད་ཡོད་པའི་གནས་ཚུལ་ཚུ་མདོར་བསྡུས་ཅིག་ལས་བརྒལ་མ་བཀོད་རུང་ དེ་གིས་འཆར་སྒོ་ལག་ལེན་འཐབ་མི་ ཆེ་འབྲིང་ཆུང་གསུམ་ག་ར་ལུ་ ཕན་ཐོགས་བྱུང་ཚུགས་པའི་རེ་སྨོན་ཡོད།

ཀྲོང་གསར་རྫོང་ཁག་གི་བྱུང་རབས་མདོར་བསྡུས།

Trongsa-map

ཡོངས་འཛིན་ངག་གི་དབང་ཕྱུག་མཆོག་གི་ ཉམས་སྣང་ནང་ལུ་ ཆོས་སྲུང་དཔལ་ལྡན་ལྷ་མོ་གིས་ འབྲུག་དབུས་ཕྱོགས་ལུ་འགྱོ་དགོཔ་སྦེ་མཇལ་ཡོདཔ་ཨིན་མས། ལུང་བསྟན་འདི་དང་འཁྲིལ་ཏེ་ དཔལ་ལྡན་ལྷ་མོའི་ དཔུང་གྲོགས་ཀྱིས་སྒོ་ལས་ སྤྱི་ལོ་ ༡༥༤༡ ལུ་ ཡོངས་འཛིན་ངག་གི་དབང་ཕྱུག་མཆོག་ ཀྲོང་གསར་ གཡུ་གླིང་ཟེར་ས་ཕེབས་ནུག། ཕྱི་རུ་གཅིག་འབདཝ་ད་ ཡོངས་འཛིན་མཆོག་ སྒོམ་གནང་བཞུགསཔ་ད་ ད་ལྟོ་ཡོད་པའི་མགོན་ཁང་དེ་ཁར་ ནམ་མཁའ་སྟོང་པའི་ནང་ལས་ དཀར་མེ་འདྲ་བའི་མེའི་འོག་ཅིག་ཤར་ས་གཟིགས་ནུག། སྤྱི་ལོ་ ༡༥༤༣ ལུ་ དེ་ཁར་མཚམས་ཁང་ཅིག་རྐྱབ་སྟེ་ དེ་ཁར་ སྒོམ་གནང་བཞུགས་ནུག། ཤུལ་ལས་ སྒོམ་རྐྱབ་མི་གཞན་ཚུ་ཡང་དེ་ཁར་འོངས་ཏེ་ མཚམས་བཅད་བཞུགས་ནུག། མཚམས་ཁང་ལེ་ཤ་ཡོད་མི་འདི་ ཕྱི་མི་ཚུ་གིས་བལྟཝ་ད་ གཡུས་བཟུམ་མཐོངམ་ལས་ ས་གནས་དེ་གིས་མིང་ལུ་ ཀྲོང་གསར་ཟེར་ གཡུས་ཚན་གསརཔ་ཟེར་དར་ནུག།

སྤྱི་ལོ་ ༡༦༤༧ ལུ་ དཔལ་ལྡན་འབྲུག་པ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཆོས་རྒྱལ་མ་འགྱུར་བརྟན་པ་ལུ་ ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་གནང་ནུག། ཞབས་དྲུང་རིན་པོན་ཆེའི་བཀའ་དང་འཁྲིལ་ཏེ་ ཀྲོང་གསར་དཔོན་སློབ་ཀྱིས་ རྫོང་བཞེངས་ནུག། རྫོང་འདི་གི་མཚན་ཡང་ འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་རྩེ་ ཟེར་བཏགས་ནུག། མཚན་དེའི་དོན་དག་དེ་ཡང་ དུང་དཀར་རྩེ་ལུ་ཆགས་པའི་རྫོང་འདི་ འགྱུར་ནི་མེད་པའི་འབྲུག་རྒྱལ་ཁབ་ནང་ལུ་ ཆོས་ཀྱི་འཁོར་ལོ་རབ་ཏུ་བརྟན་ཏེ་ ཡུན་རིང་དུ་གནས་པའི་དོན་ཨིན་མས། ཆོས་རྒྱལ་མི་འགྱུར་བརྟན་པ་གིས་ ཡོངས་འཛིན་ངག་གི་དབང་ཕྱུག་སྒོམ་གནང་་བཞུགསཔ་ད་ ཉམས་སྣང་ནང་དཀར་མེའི་འོད་བཟུམ་ཤར་ས་ལུ་ མགོན་ཁང་ཅིག་རྐྱབ་ནུག།

དུས་རབས་ ༡༧ པའི་ཕྱི་མཚམས་ལུ་ སྡེ་སྲིད་བསྟན་འཛིན་རབ་རྒྱས་ཀྱིས་ རྫོང་འདི་རྒྱ་སྐྱེད་གཏང་ནུག། ད་ལྟོ་ རྫོང་དེ་ ཀྲོང་གསར་རྫོང་ཁག་གི་ བདག་སྐྱོང་དང་ རབ་སྡེའི་ཕྱག་ལཱ་གནང་སའི་ལྟེ་བ་སྦེ་ཡོདཔ་ཨིན་མས། རྫོང་ནང་ལུ་ ལྷ་ཁང་ ༢༦ ཡོདཔ་ད་ དགེ་སློབ་ཞལ་གྲངས་ ༤༥༠ ཡོདཔ་ཨིན།

བྱུང་རབས་ནང་་ལུ་ ཀྲོང་གསར་རྫོང་འདི་ རྩ་ཅན་ཅིག་ཨིན་མི་དེ་ཡང་ ཤར་ཕྱོགས་རྫོང་ཁག་ཚུ་གི་ ལྟེ་བ་སྦེ་སྡོད་ཡོད་པའི་ཁར་ ཀྲོང་གསར་དཔོན་སློབ་ཀྱི་བཞུགས་གནས་འབདཝ་ལས་ཨིན་མས། ད་རེས་ཡང་ རྒྱུན་འཛིན་རྒྱལ་སྲས་ཀྱི་ ཀྲོང་གསར་དཔོན་སྶོབ་ཀྱི་ཁྲི་མངའ་སྲོལ་ཡང་ དེ་ཁར་འབདཝ་ཨིན།

ཀྲོང་གསར་རྫོང་ཁག་ནང་ལུ་ ཨྱོན་གུ་རུ་རིན་པོ་ཆེ་་མཆོག་ དུས་རབས་ ༨ པའི་ནང་ བུམ་ཐང་ལས་ལོག་རྒྱ་ལུ་བྱོནམ་ད་ དེ་ཁར་སྒོམ་གནང་བཞུགས་ཡོདཔ་ད་ ཞབས་རྗེ་ཚུ་ཡང་ ནུབ་སྦིས་ ཀུབ་བྲག་ ཨྱོན་བྲག་དང་ ཕུམ་ཟུར་ལྷ་ཁང་ཚུ་ནང་མཇལ་ནི་ཡོདཔ་ཨིན། ཨིན་རུང་ འཁོར་ལམ་གྱི་མཐུན་རྐྱེན་ཚུ་མེདཔ་ལས་བརྟེན་ གནས་མཇལ་མི་ཆེནམ་ཅིག་མེདཔ་ཨིན། དེ་བཟུམ་སྦེ་ ཀྲོང་གསར་ཀྲོང་དང་ ལྟ་རྫོང་གཉིསཔོ་དེ་ཡང་ རྩ་ཅན་ཅིག་ཨིན་པའི་ཁར་ ལ་བཤལཔ་ཚུ་ཡང་མཇལ་བར་འོང་ནི་ཡོདཔ་ཨིན་།

ཀྲོང་གསར་རྫོང་ཁག་འདི་འབྲུག་རྒྱལ་ཁབ་ཀྱི་ས་གོ་སྦུག་ལུ་ར་ ཆགས་ཏེ་ཡོདཔ་ཨིན། སའི་རྒྱ་ཁྱོན་ཡང་ གྲུ་བཞི་ཀི་ལོ་མི་ཊར་ ༡༨༠༧ ཡོདཔ་ད་ སའི་མཐོ་ཚད་ རྒྱ་མཚོའི་ཚད་ལས་ མི་ཊར་ ༨༠༠ ལས་ ༤༨༠༠ གི་ནང་འཁོད་ཡོདཔ་ཨིན། སྤྱི་ལོ་ ༢༠༡༢ སྤྱི་ ༧ ཚུན་ལུ་ མི་རློབས་ཡང་ ༡༥༥༦༢ ཡོདཔ་ཨིན་མས། རྫོང་ཁག་གི་བྱང་ཤར་ཁ་ཐུག་ལུ་ བུམ་ཐང་རྫོང་ཁག་ཡོདཔ་ད་ ནུབ་ཁ་ཐུག་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་དང་ ལྷོ་ཁ་ཐུག་ལུ་ གཞལ་སྒང་རྫོང་ཁག་ཡོད།

སའི་ཆགས་ཚུལ་ཡང་ ས་གོ་དོག་དྲགས་ཅིག་ནང་ཆགས་ཡོད་རུང་ ཤར་དང་ནུབ་ཕྱོགས་ཁ་ཐུག་གི་གཞུང་ལམ་དེ་དང་ ཀྲོང་གསར་དགེ་ལེགས་ཕུག་གི་གཞུང་ལམ་ ཡོད་མི་དེ་གིས་ ཀྲོང་གསར་རྫོང་ཁག་གི་རྒེད་འོག་ག་རའི་ནང་རེགཔ་ཨིན་མས། འདི་གིས་འབད་དཔལ་འབྱོར་གོང་འཕེལ་ལུ་ཕན་ཐོགས་སྦོམ་སྦེ་ར་འབག་ཚུགསཔ་ཨིན། གཞུང་ལམ་གྱིས་རྒེད་འོག་ནང་ལས་ཕར་ རེག་རུང་ གཡུས་ཚན་ཚུ་ནང་ ཁྱིམ་ཚུ་ ཁ་བཏོར་ཏེ་ཡོདཔ་ལས་ ཟུར་ལམ་ཚུ་མ་ལྷོད་པར་ཡོདཔ་ཨིན། ཟུར་ལམ་གྱི་མཐུན་རྐྱེན་མེད་མི་དེ་དང་ སའི་ཆགས་ཚུལ་དོག་དྲགས་ཅིག་ནང་ཡོད་མི་དེ་གིས་ མི་སེར་ཚུ་ལུ་ཞབས་ཏོག་ཚུ་བྱིན་ནིའི་ནང་ལུ་ དུས་ཡུན་འགོརཝ་མ་ཚད་ ལ་ཁག་བཏང་དོ་ཡོདཔ་ཨིན།

རྫོང་ཁག་ནང་ལུ་ རྒེད་འོག་ལྔ་ཡོད་མི་དེ་ཡང་། བྲག་སྟེང་། གོར་ཕུག། ནུབ་སྦིས། གླང་མཐིལ། སྟང་སི་སྦིས་ཨིན། བྲག་སྟེང་རྒེད་འོག་འདི་ གྲུ་བཞི་ཀི་ལོ་མི་ཊར་ ༨༤.༨ ཡོདཔ་ཨིན། གོར་ཕུག་རྒེད་འོག་དེ་ གྲུ་བཞི་ཀི་ལོ་མི་ཊར་ ༢༨༨.༡ ཡོདཔ་ད་ ནུབ་སྦིས་རྒེད་འོག་དེ་གྲུ་བཞི་ཀི་ལོ་མི་ཊར་ ༥༤༤.༤ ཡོདཔ་ཨིན། གླང་མཐིལ་རྒེད་འོག་དེ་ གྲུ་བཞི་ཀི་ལོ་མི་ཊར་ ༥༠༨.༤ དང་སྟང་སི་སྦིས་རྒེད་འོག་དེ་ གྲུ་བཞི་ཀི་ལོ་མི་ཊར་ ༣༧༡.༦ ཡོདཔ་ཨིན། ནུབ་སྦིས་རྒེད་འོག་འདི་ རྫོང་གསར་རྫོང་ཁག་ནང་ལུ་ མི་རློབས་མཐོ་ཤོས་ཡོད་པའི་རྒེད་འོག་ཅིན་ཨིན། ཀྲོང་གསར་རྫོང་ཁག་གི་མི་སེར་ཚུ་ མང་ཆ་ཤོས་ཅིག་ སོ་ནམ་ཞིང་ལཱ་ལུ་བསྟེནམ་ཨིན། ཞིང་པ་ཚུ་གིས་ ལོ་ཐོག་ཡང་སྣ་ཚོགས་སྦེ་ར་བཙུགས་དོ་ཡོད་པའི་ཁར་ གཡུས་ཚན་ལ་ལུ་ཅིག་ནང་ ཀེ་བ་ལུ་གཙོ་བོར་བཏོན་ཏེ་ འོང་འབབ་བཟོ་དོ་ཡོདཔ་ཨིན།

སའ་རྒྱ་ཁྱོན་གྲུ་བཞི་ཀི་ལོ་མི་ཊར་ ༡༧༢༣ འབད་མི་ འཇིགས་མེད་སེངྒེ་དབང་ཕྱུག་གླང་ཀ་ཡང་ ཀྲོང་གསར་རྫོང་ཁག་ནང་ཚུདཔ་ཨིན། གླིང་ཀ་དེ་ཁར་ འཛམ་གླིང་ནང་ལུ་ དཀོན་དྲགས་དང་ཉམས་ནིའི་ཉེན་ཁ་ཡོད་མི་ སེམས་ཅན་དང་ ཤིང་རིགས་ཚུ་ཡོདཔ་མ་ཚད་ འཛམ་གླིང་ནང་ལུ་དཀོན་དྲགས་ཆེ་བའི་ སྤྱ་དཀར་གསེར་གྱི་མདོག་ཅན་དེ་ཡང་ ཡོདཔ་ཨིན། གླང་ཀ་འདི་སྤྱི་ལོ་ ༢༠༠༠ ལུ་གཞི་བཙུགས་འབད་ཡོད་མི་འདི་ཡང་ མི་གིས་མ་རེག་པའི་སྐྱེས་ལྡན་གནས་སྟངས་རིམ་ལུགས་འདི་ རང་འཇགས་སྦེ་བཞག་ནི་དང་ སྲུང་སྐྱོབ་འབད་ནིའི་དོན་ལུ་ཨིན། གླང་ཀ་དེ་་ནང་ ཀོང་ཤིང་དང་ཤིང་ཤོམ་འདབ་སྦོམ་ཡོད་མིའི་རིགས་ཚུ་ཡོདཔ་ཨིན། འཇིགས་མེད་སེངྒེ་དབང་ཕྱུག་ཀླང་ཀའི་དམའ་ས་ལུ་ ག་བ་ཧེ་མ་སྡོད་པའི་ མོན་པ་ཚུ་གནས་ཏེ་ཡོདཔ་ཨིན།

རྫོང་གི་ཉེ་འདབས་ལས་འགྱོ་མི་ མང་སྡེ་ཆུ་འདི་གིས་རྫོང་ཁག་གཉིས་སྦེ་བཟོཝ་ཨིན་མས། ས་གཞིས་དེ་ཡང་ རློན་ཞིང་དྲོད་དང་ལྡན་པའི་ཁར་ བསིལ་དྲོད་སྙོམས་ཏོག་ཏོ་སྦེ་ཡང་སྡོད་དོ་ཡོདཔ་ཨིན། ས་དེ་ཡང་ ལུ་ལུ་བྱེམ་ས་དང་ ལུ་ལུ་ འདམ་ས་སྦེ་ཡོདཔ་ཨིན། སའི་དབྱིབས་དེ་ཡང་ བྱང་ཁ་ཐུག་ལུ་ གཤོང་སྦོམ་སྦེ་སརྩུབ་དྲགས་སྦེ་ཡོད་པའི་ཁར་ ལྷོ་ཁ་ཐུག་ལུ་ གྱེན་གཟར་དྲགས་སྦེ་ཡོདཔ་ཨིན།

སའི་རྒྱ་ཁྱོན་ གྲུ་བཞི་ཀི་ལོ་མི་ཊར་ ༡༥༨༧ ཡོད་ས་ལས་ བརྒྱ་ཆ་ ༨༧.༡༥ ནགས་ཚལ་གྱི་ཁྱབ་སྟེ་ཡོདཔ་ཨིན། རྒྱ་གར་གཞུང་གི་རྒྱབ་སྐྱོད་ཐོག་ལུ་ འབྲུག་གཞུང་གི་ མེ་ག་ཝཊ་ ༧༢༠ འབད་མིའི་ མང་སྡེ་ཆུ་གློག་མེ་ལས་འཛིན་འདི་ གཞུང་གིས་ སྤྱི་ལོ་ ༢༠༢༠ གི་ནང་འཁོད་ གློག་མེ་གོང་འཕེལ་ མེ་ག་ཝཊ་ ༡༠༠༠༠ བསྒྲུབ་ནི་ཨིན་མི་ལས་ ལས་འགུལ་ཅིག་འདི་་ཨིན།

སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༨ པའི་ནང་ འགོ་བཙུགས་ཡོད་པའི་ ལས་འགུལ་དེ་ མང་སྡེ་ཆུའི་གཡོན་ཁ་ཐུག་ལུ་བཟོ་ཡོད་ད་ ལས་འགུལ་དེ་ཡང་ སྤྱི་ལོ་ ༢༠༡༨ ཕྱེ་མཚམས་ལུ་མཇུག་བསྡུ་ནིའི་འཆར་གཞི་ཡོདཔ་ཨིན།